ཚོགས་པའི་ངོ་སྤྲོད་སྙིང་བསྡུས།

༄།གློ་བོ་ས་སྐྱ་ནང་པའི་ཚོགས་པ་ནི། གློ་བོའི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཆེད། བལ་ཡུལ་དུ་གསར་དུ་བཙུགས་པའི་ས་སྐྱའི་ཚོགས་སྡེ་གལ་ཆེན་ཞིག་ཡིན། གློ་བོ་ཞེས་པའི་ས་གནས་ནི་ནེ་པལ་ལམ་བལ་ཡུལ་གྱི་བྱང་ཕྱོགས་སུ་ཡོད། གློ་བོ་ནི་དུས་རབས་མང་པོའི་སྔོན་ནས་སངས་རྒྱས་ཀྱི་བསྟན་པ་དར་སའི་ས་གནས་གལ་ཆེན་ཞིག་ཡིན། ད་ཡོད་གློ་བོའི་ཁུལ་དུ་དགོན་སྡེ་ཆེ་ཆུང་བཅུ་ཕྲག་ལྷག་ཡོད། དགོན་སྡེ་དེ་དག་ནི་གཙོ་བོ་ས་སྐྱའི་ཆོས་བརྒྱུད་ཡིན་ལ་དེ་ཡང་རབ་བྱུང་གི་སྡེ་ཁོ་ན་ཡིན། བར་སྐབས་ཤིག་ལ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམས་ཅུང་ ཟད་ཉམ་སྟེ་ཉག་ཕྲའི་སྐབས། སྙན་བརྒྱུད་གདམས་པ་རྒྱ་མཚོའི་མཛོད་འཛིན། ༧སྐྱབས་རྗེ་བདེ་
བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གློ་བོར་ཆིབས་བསྒྱུར་བགྱིས་ཏེ་བཀའ་ལུང་
དབང་གསུམ་དང་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམས་མི་ཉམས་རྒྱུན་འཛིན་གནས་ཐུབ་པ་
སོགས་བཀའ་དྲིན་བླ་མེད་དུ་ཆེ་བ་བྱུང་། དེ་རྗེས་ས་སྐྱའི་བླ་ཆེན་རྣམས་རིམ་པར་ཞབས་སོར་འཁོད་པའི་མཐུས་དང་། ཚོགས་གཙོ་༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ལོ་ལྟར་ཆིབས་སྒྱུར་མུ་འཐུད་དེ་སྐྱོད་བཞིན་པའི་བཀའ་འདྲིན་ལ་བརྟེན། འདུལ་བ་གཞི་གསུམ་གྱི་གཙོས་པའི་མདོ་རྒྱུད་དབང་ལུང་མང་པོ་བསྩལ་དང་སྩལ་བཞིན་པས། སྔ་མའི་རྒྱུན་སྲོལ་བཟང་པོ་བསྟན་དོན་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་མི་ཉམས་གོང་འཕེལ་དུ་གནས་ཐུབ་པ་བྱུང་བཞིན་ཡོད། ཕྱི་ལོ་༢༠༠༧ནས་སྤྱི་
ཁྱབ་སྟངས་འཛིན་གྱི་ཚོགས་པ་ཞིག་དབུ་ཚུགས་ཐུབ་པ་ལ་བརྟེན་ནས་གློ་བོ་དགོན་སྡེ་ཁག་དང་མི་མང་ལ་མིག་མཐོང་ལག་ཟིན་གྱི་ཕན་ཐོག་རྒྱ་ཆེན་པོ་བྱུང་ཡོད། མི་ཡི་གཙོས་པའི་འགྲོ་བ་སེམས་ཅན་
རྣམས་ལ་ཕན་བདེ་སྒྲུབ་པའི་ལས་འགུལ་སྤེལ་རྒྱུ་ནི། བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པས་ལམ་སྟོན་གནང་བའི་འཚེ་མེད་ཞི་བའི་ལམ་བཟང་གི་དོན་པོ་དེ་ཡིན། དེ་ཡང་གང་ཟག་སོ་སོ་རང་ག་བ་ལས་སྤྱི་མཐུན་མཉམ་རུབ་ཀྱི་ཐོག་ནས་བསྒྲུབས་ན་ནུས་པ་ཆེ། ཞི་བདེ་དང་མཛའ་བརྩེའི་ཁོར་ཡུག་
བཟང་པོའི་སྤྱི་ཚོགས་འཛུགས་བསྐྲུན་བྱ་རྒྱུ་ཡང་མང་ཚོགས་མཐུན་པ་ལ་རགས་ལས། དེས་ན་བྱ་བ་ཆེ་ཆུང་གང་ཡིན་རུང་མང་ཚོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ན་ནུས་པ་ཆེ་ལ་དོན་ཆེན་འགྲུབ་པའི་གལ་ཆེའི་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་ངོར་ཆེན་ཀུན་དགའ་བཟང་པོའི་རྒྱལ་ཚབ་ཁྲི་ཐོག་དོན་བདུན་པ ༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་། སྙན་བརྒྱུད་ཚར་པའི་བསྟན་པའི་གསལ་བྱེད། ༧སྐྱབས་རྗེ་ཞབས་དྲུང་རིན་ཆེན་དཔལ་འབྱོར་རྣམ་པ་གཉིས་ཀྱི་དབུས་པའི་གློ་བོའི་
ལྷག་བསམ་ཅན་གྱི་མི་སྣ་འགའ་དང་གློ་བོ་དགོན་སྡེ་ཁག་གི་མཁན་པོ་དབུ་འཛིན་དང་མཁས་དབང་རྣམ་པས་མ་གྲོས་བསམ་པ་གཅིག་མཐུན་གྱིས། སྤྱིར་སངས་རྒྱས་བསྟན་པ་དང་བྱེ་བྲག་ཏུ་གློ་བོའི་ཁུལ་གྱི་ས་སྐྱའི་ཆོས་བརྒྱུད་ཀྱི་དགོན་པ་ཁག་དང་ཆོས་གཞི་མཆོད་རྟེན་རྣམས། མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་ཡོང་བའི་རེ་བ་དང་འབྲེལ་གློ་བོ་ས་སྐྱ་ནང་པའི་ཚོགས་པ་ཞེས་པའི་ཆོས་ཚོགས་ཤིག་ཕྱི་ལོ་༢༠༠༧ ལོར་བལ་གཞུང་ཁྲིམས་ལུགས་དང་མཐུན་པར་དེབ་སྐྱེལ་བྱས།

ཚོགས་པའི་དམིགས་ཡུལ་རྣམས


༡༽ཚོགས་པ་འདི་ནི་ཁེ་སྐྱེད་མེད་པ་དང་གཞན་ཕན་སྒྲུབ་པའི་ཆོས་ཀྱི་ཚོགས་པ་ཞིག་ཡིན།

༢༽གློ་བོའི་ཁུལ་དུ་ཡོད་པའི་ནང་པའི་ཆོས་བརྒྱུད་ཀྱི་དགོན་པ་དང་ཆོས་གཞིས་སོགས་མི་ཉམས་
གོང་འཕེལ་ཉམས་པ་སོར་ཆུད་དང་འབྲེལ་སྲུང་སྐྱོབ་བྱ་རྒྱུ་དང་དེའི་རིགས་ལས་འགུལ་སྤེལ་རྒྱུ།

༣༽ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཆེད་ཆོས་འཆད་ཉན་
དང་ཆོས་ཕྱོགས་ཀྱི་བགྲོ་གླེངཚོགས་འདུ་རིགསབསྐོང་འཚོགས་ཞུ་རྒྱུ། གཞན་ཡང་དགོས་མཁོ་ཅན་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གོ་སྒྲིག་ཞུ་རྒྱུ་དང་དེ་རིགས་ཀྱི་ལས་རིམ་ལ་རྒྱབ་སྐྱོར་རོགས་རམ་
ཞུ་རྒྱུ།

༤༽གློ་བོའི་ཆོས་འབྱུང་དང་རྒྱལ་རབས་ཀྱི་དཔེ་ཆ་དཀོན་རིགས་རྣམས་པར་རྩ་ཡིག་འགོད་བྱས་ཏེ་པར་སྐྲུན་འགྲེམས་སྤེལ་དང་དེང་དུས་ཀྱི་སྐད་ཡིག་ཐོག་སྒྲ་བསྒྱུར་བྱེད་རྒྱུ།

༥) ཚོགས་པའི་ནུས་པ་དང་བསྟུན་ཉམས་ཐག་སྤྱི་ཚོགས་ཞབས་ཞུའི་ལས་རིམ་འདྲ་མིན་ལ་མཐུན་ རྐྱེན་ཞལ་འདེབས་ཕུལ་བའི་སྒོ་ནས་རོགས་རམ་གང་ཐུབ་ཞུ་རྒྱུ།

༦༽ཚོགས་པ་འདིའི་བརྒྱུད་ནས་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་ནང་པའི་ཆོས་བརྒྱུད་དང་འབྲེལ་བའི་ཆོས་དང་རིག་གཞུང་། ལོ་རྒྱུས་ཅན་གྱི་རྙིང་ནོར་དང་བཟོ་རྩལ་རིགས་ལ་ཞིབ་འཇུག་སྦྱོང་བརྡར་དང་དེ་བཞིན་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ཐད་རོགས་རམ་ཞུ་རྒྱུ།

༧༽ནང་པའི་དུས་ཆེན་ཁག་དང་ཆབས་ཅིག་ས་སྐྱའི་བླ་ཆེན་རྣམ་པའི་འཁྲུངས་སྐར་སོགས་གལ་ཆེའི་དུས་ཆེན་གྱི་ཉིན་མོ་རྣམས་ལ་དམིགས་བསལ་མཛད་སྒོ་དང་། ཚོགས་འདུ། ཟབ་སྦྱོང་། མཁས་པའི་བགྲོ་གླེང་སོགས་གོ་སྒྲིག་དང་དེ་རིགས་ལས་རིམ་སྤེལ་མཁན་ལ་རོགས་རམ་ཞུ་རྒྱུ།

༨༽གློ་བོའི་ཁུལ་དུ་ཡོད་པའི་ནང་པའི་ཆོས་བརྒྱུད་ཀྱི་དགོན་པ་དང་ཆོས་གཞིས་མཆོད་རྟེན་རྣམས་སྲུང་སྐྱོབ་དང་མི་ཉམས་དགོང་འཕེལ་ཡོང་བའི་ཆེད། ཕྱི་ནང་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་རྣམས་ལ་འབྲེལ་བ་ཞུས་ཏེ། ཆོས་བརྒྱུད་འདིའི་ཐོབ་དབང་དང་ཁེ་ཕན་གྱི་ཆེད་འབྲེལ་ཡོད་ལས་ཁུངས་སུ་མཉམ་རུབ་ཐོག་དགོས་ངེས་པ་ཞུ་གཏུགས་བྱ་རྒྱུ།

ཚོགས་པའི་ལས་དོན་སྒྲུབ་རྒྱུའི་འཆར་གཞི།

༡༽དཔེ་ཆ་དཀོན་རིགས་པར་རྩ་ཡིག་འཇུག་ཞུ་རྒྱུའི་ཐོག་མར། གློ་བོའི་རྒྱལ་རབས་གཉིས་པ་ཆོས་རྒྱལ་ཨ་མགོན་བཟང་པོའི་སྲས། གློ་བོ་མཁན་ཆེན་བསོད་ནམས་ལྷུན་འགྲུབ་ཀྱི་གསུང་འབུམ་པོད་བཞི་ཆ་ཚང་བ་དེ་སྔ་གང་དུའང་པར་སྐྲུན་མ་ཐུབ་པའི་མ་དཔེ་པོད་བཞི་ཡོད་པ་དཔེ་རྙིང་པ་དེ་རྣམས་ད་ལམ་ཆོས་སྦྱིན་དཔར་བསྐྲུན་ཞུ་རྒྱུ་ལགས་ན་ཆོས་སྦྱིན་ཆེད་འབྲེལ་ཐོགས་དད་སྦྱིན་རྣམས་པར་
འབོད་བསྐུལ་ཞུ།
༢༽ གློ་བོའི་དགོན་སྡེ་ཁག་གི་སློབ་ཕྲུག་དང་མི་སྐྱའི་སློབ་གྲྭ་ཁག་ལ་ངག་རྩལ་བཤད་པ་འགྲན་སྡུར་
སོགས་ཤེས་ཡོན་གོང་འཕེལ་ཆེད་གོ་སྒྲིག་ཞུ་རྒྱུ།

༣༽གློ་བོའི་སློབ་གྲྭ་ཁག་རྣམས་ལ་དགེ་རྒན་ཟབ་སྦྱོང་སོགས་ཤེས་ཡོན་ཡར་རྒྱས་ཀྱི་ཐབས་ལམ་རིམ་གྱིས་སྤེལ་རྒྱུ།
༤༽ གློ་བོ་ས་སྐྱ་སྨོན་ལམ་ཆེན་མོ་དབུ་འཛུགས་ཞུ་རྒྱུ།
༥༽གློ་བོ་ས་སྐྱའི་དགོན་སྡེ་རྣམས་སུ་དགུན་ཀ་བཞུགས་མཁན་གྲྭ་བཙུན་རྣམས་ལ་ཆ་རྐྱེན་བསྐྲུན་རྒྱུ།